[241A] ད་ཤ་སཾ་ཛྙ་དེ་ཤ་སཱུ་ཏྲ། བོད་སྐད་དུ་འདུ་ཤེས་བཅུ་བསྟན་པའི་མདོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ་།འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ བཅོམ་ལྡན་འདས་ཀུ་ཤའི་གྲོང་ཁྱེར་གྱད་ཀྱི་ཉེ་འཁོར་ཤིང་སླ་ལ་ཟུང་གི་ཚལ་ན་བཞུགས་ཏེ། ཡོངས་སུ་མྱ་ངན་ལས་འདའ་བར་དགོངས་པའི་དུས་ཀྱི་ཚེ། བཅོམ་ལྡན་འདས་ ཀྱིས་འཁོར་བཞི་པོ་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འཆི་ཀའི་དུས་ཀྱི་ཚེ་འདུ་ཤེས་བཅུ་མངོན་དུ་བསྒོམ་པར་བྱའོ། །བཅུ་གང་ཞེ་ན། ཚེ་འདིའི་སྤྱོད་ཡུལ་ལ་མ་ཆགས་ པའི་འདུ་ཤེས་དང། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང། བྱམས་པའི་འདུ་ཤེས་དང། འཁོན་དུ་འཛིན་པ་ཐམས་ཅད་ཡོངས་སུ་འདོར་ཞིང་སྤོང་བའི་འདུ་ཤེས་དང། ཚུལ་ ཁྲིམས་འཆལ་ཅིང་ཉམས་པ་ཐམས་ཅད་བཤགས་ཤིང། ཚུལ་ཁྲིམས་ཐམས་ཅད་ཡང་དག་པར་བླང་བའི་འདུ་ཤེས་དང། བདག་དང། གཞན་གྱིས་ཉེས་པ་ཆེན་པོ་བྱས་པ་ [241B] བདག་དང་གཞན་གྱིས་དགེ་བའི་རྩ་བ་ཆུང་དུ་བྱས་པ་དག་ལ་འབྲས་བུ་དང། ཕན་ཡོན་ཆེ་བའི་འདུ་ཤེས་དང། འཇིག་རྟེན་ཕ་རོལ་ཏུ་ཕྱིན་པ་དག་ལ་མི་ སྐྲག་ཅིང་འཇིགས་པ་མེད་པའི་འདུ་ཤེས་དང། འདུ་བྱེད་ཐམས་ཅད་ལ་མི་རྟག་པའི་འདུ་ཤེས་དང། ཆོས་ཐམས་ཅད་ལ་བདག་མེད་པའི་འདུ་ཤེས་དང། མྱ་ངན་ལས་འདས་པ་ནི་ བདེ་བ་དང། ཞི་བའོ་སྙམ་དུ་འདུ་ཤེས་པ་མངོན་པར་བསྒྲུབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང། དགེ་སློང་དག་ཡི་རངས་ཏེ། བཅོམ་ལྡན་འདས་ ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འདུ་ཤེས་བཅུ་བསྟན་པའི་མདོ་རྫོགས་སོ།།